རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན།
དགེ་བཤེས་ལྷ་རམས་པ་བསམ་གཏན་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཕྱི་ལོ་ ༡༩༨༢ ལོར་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་མི་ལོ་བཅུ་གཅིག་ལྷག་རིང་བསྡུས་གྲྭ་ནས་མངོན་པ་མཛོད་ཀྱི་བར་གཞུང་ཆེན་རྣམས་ལ་སློབ་གཉེར་ཚུལ་བཞིན་གནང་ཏེ་ཕྱི་ལོ་ ༡༩༩༣ ལོར་སློབ་མཐར་སོན། སློབ་གཉེར་གནང་རིང་རིགས་སློབ་ཀྱི་ཚོགས་དྲུང་དང་། དགེ་བསྐོས། འཛིན་རིམ་འོག་མ་འགར་བརྡ་སྤྲོད་སློབ་དཔོན་སོགས་གནང་།
ཕྱི་ལོ་ ༡༩༩༤ ལོར་དབུ་དགེ་དམ་པའི་དྲུང་ནས་དགོངས་ཁྲོལ་བྱུང་བ་ལྟར། ཨིན་ཡུལ་དུ་ཟླ་དྲུག་རིང་ཨིན་སྐད་སྦྱོང་བའི་གོ་སྐབས་བྱུང་། དབུ་དགེ་དམ་པའི་བཀའ་མངགས་ལྟར། དེ་ལོ་སླར་ཡང་རིགས་སློབ་ཏུ་ཕྱིར་ཕེབས་ཀྱིས་སྐབས་གཉིས་པའི་དགེ་རྒན་འོས་སྦྱོང་བ་རྣམས་ལ་སློབ་ཁྲིད་གནང་།
ཕྱི་ལོ་ ༡༩༩༥ ལོར་དབུ་དགེ་དམ་པ་མཆོག་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིའི་ལས་འགན་ཁུར་དགོས་བཀའ་གནང་ལྟར། ལོ་གཅིག་དང་ཕྱེད་རིང་དབུ་དགེ་དམ་པའི་བཀའ་དགོངས་ལམ་སྟོན་དང་། མཐོ་སློབ་ཀྱི་སྒྲིག་གཞི་དང་དམིགས་ཡུལ་གཞིར་བཟུང་སློབ་སྤྱིའི་བྱེད་སྒོ་མཐའ་དག་ཚུལ་བཞིན་བསྒྲུབས་ཏེ། ཕྱི་ལོ་ ༡༩༩༦ ཟླ་ ༦ ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ནས་དགོངས་པ་ཞུས་ཏེ། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གྲྭ་ཚང་གི་སྒྲིག་གཞི་ལྟར། ལོ་ངོ་བརྒྱད་ལྷག་གཞུང་ཆེན་མོར་སླར་ཡང་སློབ་གཉེར་དང་། ལོ་ངོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ། མཐར་ཕྱི་ལོ་ ༢༠༠༤ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཆོས་ཐོག་ལ་ཕེབས་ནས་ལོ་ངོ་གཅིག་རིང་གསང་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པ་གནང་སྟེ་སྔགས་རམས་པའི་མཚན་གནས་བཞེས།
ཕྱི་ལོ་ ༢༠༠༦ ནས་ལོ་ངོ་དུ་མའི་རིང་དད་ལྡན་པ་འགའི་རེ་བསྐུལ་ལྟར་ཨིན་ཡུལ་དང་ལྷོ་ཨཕ་རི་ཀ་སོགས་ཡུལ་གྲུ་དུ་མར་ཕྱོགས་བསྐྱོད་ཀྱིས་ནང་ཆོས་འཆད་འཁྲིད་མཛད།
ཕྱི་ལོ་ ༢༠༡༠ ལོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་འདུས་མང་གིས་འོས་ཤོག་གི་ལམ་ནས་གྲྭ་ཚང་གི་འཛིན་སྐྱོང་ཁང་གི་ཕྱག་མཛོད་བགྲེས་པར་བསྐོ་བཞག་བྱུང་བ་ལྟར། ལོ་ངོ་གསུམ་རིང་ལྷག་བསམ་ཁུར་ལེན་གྱིས་གྲྭ་ཚང་གི་ཆོས་མཐུན་བྱེད་སྒོ་མཐའ་དག་ལེགས་བསྒྲུབས་གནང་བར་བརྟེན། དགེ་འདུན་འདུས་མང་ནས་བསྔགས་བརྗོད་ཆེན་པོ་ཐོབ།
ཕྱི་ལོ་ ༢༠༡༦ ལོར་སླར་ཡང་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་མང་གིས་འོས་ཤོག་གི་ལམ་ནས་གྲྭ་ཚང་དེ་གའི་མ་འོངས་འཛིན་སྐྱོང་ཁང་གི་འགན་འཛིན་ལ་འདེམས་བསྐོ་གནང་བ་ལྟར། ཐུགས་འགན་ལེགས་པར་བཞེས་ཤིང་། ཕྱི་ལོ་ ༢༠༡༨ ནས་བཟུང་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་བ་ལྟར་ཐུགས་འགན་བཞེས་མུས་སུ་བཞུགས་ཡོད།
མཐོ་སློབ་ཀྱི་འཛིན་སྐྱོང་ནས་ལས་དོན་ཇི་ལྟར་སྒྲུབ་སྟངས།
དེ་སྔའི་ལམ་སྲོལ་ལྟར། རིགས་ལམ་སློབ་གཉེར་ཁང་གི་སློབ་མའམ་སློབ་ཟུར་ཞིག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གིས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གྱི་ལམ་སྟོན་འོག་མཐོ་སློབ་འཛིན་སྐྱོང་བྱེད་ཀྱི་ཡོད། སློབ་སྤྱི་བགྲེས་གཞོན་གྱིས་དྲུང་ཡིག་གི་མཉམ་ལས་ལ་བརྟེན་ནས་མཐོ་སློབ་ཀྱི་ཤེས་ཡོན་དང་འབྲེལ་བའི་ཉིན་རེའི་ལས་དོན་རྣམས་སྒྲུབ་ཀྱི་ཡོད་ཅིང་། མཐོ་སློབ་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གལ་ཆེའི་ཐག་གཅོད་ཀྱི་རིགས་རིགས་སློབ་མ་ལག་གི་འགན་འཛིན་ལྷན་ཚོགས་བརྒྱུད་གནང་གི་ཡོད།
ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།


ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལོ་ན་བཅུར་སོན་པ་ཕྱི་ལོ་ ༡༩༨༢ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་འཛུལ་ཞུགས་བྱས། ཕྱི་ལོ་ ༡༩༩༢ ལོར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་། ༡༩༩༣ ལོར་བུའི་སྡོད་ཁང་རྒན་བདག་གི་འགན་ཁུར་བླངས། ཕྱི་ལོ་ ༡༩༩༤ ལོར་གཞི་རིམ་སློབ་གྲྭ་མཐར་ཕྱིན་ཏེ་ Pune པུ་ནེར་ཆགས་པའི་ Spicer Memorial College ཞེས་པའི་མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་ས་ཁམས་རིག་པ་ (Geography) དང་། གློག་ཀླད་ཚན་རིག་ཐོག་(Computer Science)ཉེ་བའི་གཙུག་ལག་རབ་འབྱམས་པ་ BA ཐོན། ས་གནས་དེ་གར་བོད་ཀྱི་སློབ་ཕྲུག་ཚོགས་པ་གསར་འཛུགས་ཞུ་མཁན་གྱི་གྲས་དང་། ཚོགས་པ་དེའི་འབྲེལ་མཐུད་པ་དང་། དྲུང་ཆེ། ཚོགས་གཙོ་བཅས་ཀྱི་འགན་འཁུར་བླངས། རྡ་སར་ཆགས་པའི་གློག་ཀླད་བསྟི་གནས་ (Skyline Computer Center) ཞེས་པ་ནས་བརྡ་འཕྲིན་ཐོག་ཆེད་སྤྱོང་གི་ལག་འཁྱེར་ཐོབ།
ཕྱི་ལོ་ ༡༩༩༨ ནས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་དྲུང་ཡིག་དང་། ༢༠༠༨ ནས་ ༢༠༠༩ བར་ཨ་རིའི་འོ་མིང་གཙུག་ལག་སློབ་གྲྭར་ (Wyoming University) བོད་མིའི་སློབ་ཡོན་ལས་གཞི་ (Tibetan Scholarship Program) བརྒྱུད་ཤེས་ཡོན་འཛིན་སྐྱོང་དང་མི་རབས་རྒན་པའི་སློབ་གསོ་རིག་པའི་སྐོར་སློབ་གཉེར་བྱས། སློབ་གཉེར་གྲུབ་མཚམས་རྒྱ་གར་དུ་ཕྱིར་ལོག་གིས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ བར་ས་རཱ་མཐོ་སློབ་ཀྱི་དྲུང་ཆེའི་ལས་ཁུར་ཞུས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ལྷན་ཚོགས་ནས་མིང་འདོན་བྱུང་བ་ལྟར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་བཟུང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིར་བསྐོ་བཞག་བྱུང་སྟེ་ད་ལྟ་མུ་མཐུད་སློབ་སྤྱིའི་ཐུགས་འགན་བཞེས་མུས་ཡིན།
ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་ནང་ཆགས་པའི་ཨཱར་ལམ་མཐོ་སློབ་ (Earlham College) ཏུ་བདུན་ཕྲག་བདུན་གྱི་རིང་གདན་ཞུས་དགེ་རྒན་གྱི་ལས་ཁུར་བླངས་པ་སོགས་སྔ་ཕྱིར་ཨ་རིའི་སློབ་ཕྲུག་མང་པོར་བོད་ཀྱི་རིག་གཞུང་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་སྐོར་གདན་ཞུས་སློབ་འཁྲིད་ཞུས། ཕྱི་ལོ་ ༢༠༢༣ ནས་ཧི་མ་ཅལ་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ༢༠༢༣ ནས་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་སེ་སྒར་ཚན་རིག་ཁང་ལྟེ་གནས་ཁང་གི་དགོན་སྡེ་ཁག་ཏུ་ཚན་རིག་ཤེས་ཡོན་སློབ་སྤེལ་ལས་གཞིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ཕྱི་ལོ་ ༢༠༢༤ ནས་བོད་མིའི་སྒྲིག་འཛུགས་གཞུང་ཞབས་འདེབས་བསྐོ་ལྷན་ཁང་གི་ཚོགས་མི་གནང་མུས་ཡིན།
- རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན། དགེ་བཤེས་བསམ་གཏན་རྒྱ་མཚོ།
- སློབ་སྤྱི། པ་སངས་ཚེ་རིང་།
- སློབ་སྤྱི་གཞོན་པ། དགེ་བཤེས་འཇིགས་མེད་བློ་གྲོས། ༢༠༢༣ ནས་སློབ་སྤྱི་གཞོན་པ་གནང་མུས།
- དྲུང་ཡིག ། བསྟན་འཛིན་སྨིན་ལེགས། ༢༠༡༧ ནས་དྲུང་ཡིག་གནང་མུས།
- རྩིས་པ། བློ་བཟང་བསྟན་པ། ༢༠༢༣ ནས་རྩིས་པ་གནང་མུས།
- དངུལ་གཉེར། དགེ་བཤེས་རྒྱལ་མཚན་བློ་བཟང་། ༢༠༢༤ ནས་དངུལ་གཉེར་དང་ཕྱི་རྒྱལ་སྐད་ཡིག་འཛིན་གྲྭའི་སློབ་དཔོན་གཅིག་ལྕོགས་གནང་མུས།
མཐོ་སློབ་ཀྱི་ཤེས་ཡོན་ལྷན་ཚོགས། མཐོ་སློབ་ཀྱི་ཤེས་ཡོན་ལྷན་ཚོགས་ནི་མཐོ་སློབ་ཀྱི་སློབ་ཚན་གཏན་འབེབས་ཐག་གཅོད་བྱེད་མཁན་གྱི་གཞུང་འབྲེལ་ལྷན་ཚོགས་མཐོ་ཤོས་དེ་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའམ། ཡང་ན་དེས་བསྐོ་བཞག་གནང་བའི་མི་སྣ་ཞིག་གིས་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་བཞིན་ཡོད་པ་དང་། མཐོ་སློབ་ཀྱི་སློབ་སྤྱིས་དྲུང་ཆེའི་འགན་འཁུར་བཞིན་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཚད་ཐུབ་མཁས་པ་དང་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོའི་གྲས་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་བྱེད་ཀྱིན་ཡོད་ཅིང་། མཁས་པ་དེ་དག་ཕལ་ཆེ་བ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ཕྱི་ལོགས་ནས་བདམས་པ་རྣམས་ཡིན། ཤེས་ཡོན་ལྷན་ཚོགས་ཀྱིས་མཐོ་སློབ་ཀྱི་སློབ་ཚན་ལ་འགྱུར་བ་གཏོང་ཆོག་གི་ཡོད།
མཐོ་སློབ་ཀྱི་ཤེས་ཡོན་དང་ཡིག་རྒྱུགས་ལྷན་ཚོགས། མཐོ་སློབ་ཀྱི་ཤེས་ཡོན་དང་ཡིག་རྒྱུགས་ལྷན་ཚོགས་ནི་མཐོ་སློབ་ཀྱི་སློབ་སྤྱིས་དབུ་ཁྲིད་པའི་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་དང་དགེ་ལས་རྣམས་ཀྱིས་གྲུབ་པ་ཞིག་ཡིན། མཐོ་སློབ་ཀྱི་ཤེས་ཡོན་དང་ཡིག་རྒྱུགས་ལྷན་ཚོགས་ཀྱིས་སློབ་འཇུག་དང་། ཡིག་རྒྱུགས། དགེ་ལས་གསར་བསྐོ། དེ་བཞིན་སློབ་ཚན་ལ་འགྱུར་བ་གཏོང་རྒྱུ་སོགས་དང་འབྲེལ་བའི་སྒྲིག་གཞི་ཁག་ཐག་གཅོད་བྱེད་ཀྱི་ཡོད། འོན་ཀྱང་ཐག་གཅོད་དེ་དག་མཐོ་སློབ་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་ཆོག་མཆན་ཡོད་པའི་སྒོ་ནས་བྱེད་དགོས་ཀྱི་ཡོད།
མཐོ་སློབ་འཛིན་སྐྱོང་ལྷན་ཚོགས། མཐོ་སློབ་ཀྱི་སློབ་སྤྱིས་དབུ་ཁྲིད་པའི་སློབ་སྤྱི་གཞོན་པ་དང་། དྲུང་ཡིག །རྩིས་པ། དངུལ་གཉེར་བཅས་ཀྱིས་ཉིན་རེའི་འཛིན་སྐྱོང་དང་། སློབ་ཕྲུག །ལས་བྱེད། དགེ་ལས་ཀྱི་བདེ་དོན། ཤེས་ཡོན། ལས་བྱེད་གསར་པའི་བསྐོ་གཞག །སྤྱིར་བཏང་འཛིན་སྐྱོང་བཅས་ཀྱི་ཐག་གཅོད་བྱེད་ཀྱི་ཡོད། འོན་ཀྱང་གལ་ཆེའི་ཐག་གཅོད་རྣམས་རིགས་སློབ་མ་ལག་གི་འཛིན་སྐྱོང་ལྷན་ཚོགས་བརྒྱུད་ནས་བྱེད་དགོས་པ་ཡིན།
མཐོ་སློབ་ཀྱི་སྒྲིག་འཛུགས་ཚོགས་ཆུང་། མཐོ་སློབ་སྒྲིག་འཛུགས་ཚོགས་ཆུང་ནི་དགེ་ལས་གཉིས་དང་། འཛིན་སྐྱོང་ལས་བྱེད་གཅིག །སྡོད་ཁང་འགན་འཛིན་བཅས་ཀྱིས་གྲུབ་པའི་འོས་འདེམས་བྱས་པའི་ཚོགས་ཆུང་ཞིག་ཡིན། ཚོགས་ཆུང་འདིས་མཐོ་སློབ་ཀྱི་སྤྱི་ཁྱབ་རྒན་བདག་རྣམས་དང་ལྷན་དུ་སློབ་ཕྲུག་གི་སྒྲིག་ཁྲིམས་དང་བདེ་དོན་ལ་ལྟ་རྟོག་བྱེད་ཀྱི་ཡོད་ཅིང་། མཐོ་སློབ་འདི་ཉིད་ཁྲིམས་འགལ་རྙོག་གླེང་མེད་པའི་ཞི་བདེ་ལྷིང་འཇགས་ཀྱི་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གནས་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད།

