སློབ་གཉེར་བ།
རབ་བྱུང་རིག་གནས་འཛིན་གྲྭ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་ནང་པའི་གཞུང་ལ་སློབ་གཉེར་ཟིན་པའམ། སློབ་གཉེར་གནང་མུས་ཀྱི་དགེ་བཙུན་གང་ཞིག །བོད་ཀྱི་ཐ་སྙད་རིག་པའི་ཤེས་ཚད་གོང་མཐོར་གཏོང་རྒྱུའི་འདུན་མོས་ཡོད་པ་རྣམས་ཀྱི་དོན་དུ་འཚོགས་བཞིན་པའི་འཛིན་གྲྭ་ཞིག་ཡིན། བར་སྐབས་སྐབས་གཉིས་རིང་ལོ་ངོ་གཉིས་ཀྱི་ཡུན་ཅན་གྱི་འཛིན་གྲྭ་ཚོགས་ཡོད་ཅིང་། སྐབས་གསུམ་པ་དེ་བཞིན་ཟླ་བ་དྲུག་རིང་བོད་ཀྱི་རིག་གནས་ཆེད་སྦྱོང་གི་ངོ་བོར་ཚོགས་ཡོད།
སློབ་ཚན།
༡། བརྡ་སྤྲོད་དང་། ༢། རྩོམ་རིག་གཉིས་གཙོ་བོ་དང་། དེའི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་ཆོས་འབྱུང་དང་། ཨིན་ཡིག་བཅས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། ལོ་གཉིས་སམ་ཟླ་དྲུག་རྗེས་མཐའ་མའི་ཡིག་རྒྱུགས་དང་བཅས་ཕྱག་འཁྱེར་ཡང་འབུལ་གྱི་ཡོད།
- བརྡ་སྤྲོད།
- རྩོམ་རིག ། བརྡ་སྤྲོད་དང་རྩོམ་རིག་གཉིས་སློབ་ཚན་གཙོ་བོའི་ངོ་བོར་འཁྲིད་ཀྱི་ཡོད་ཅིང་།
- ཆོས་འབྱུང་།
- ཨིན་ཡིག ། ཆོས་བརྒྱུད་རིས་མེད་ཀྱི་ཆོས་འབྱུང་དང་། ཨིན་ཡིག་གཉིས་སློབ་ཚན་ཕལ་པའི་ངོ་བོར་འཁྲིད་ཀྱི་ཡོད།
དགོས་དོན།
རབ་བྱུང་རིག་གནས་འཛིན་གྲྭ་ཚོགས་པའི་དགོས་དོན་ནི། རང་རེའི་དགོན་སྡེ་ཁག་ཏུ་གཞུང་ཆེན་སློབ་གཉེར་དང་། ཆོ་ག་ཕྱག་ལེན་གྱི་སློབ་གཉེར་ཧ་ཅང་ལེགས་པོ་ཡོད་མོད། དགོན་སྡེ་འགའ་ཞིག་ཏུ་དེང་སྐབས་ཀྱང་སུམ་རྟགས་དག་གསུམ་རྨང་གཞིར་བྱས་པའི་རྩོམ་འབྲིའི་ཤེས་ཡོན་ཅུང་ཟད་ཞན་སྐྱོན་ལ་བརྟེན། དེང་སྐབས་སྤྱི་ཚོགས་འགྱུར་འགྲོས་ཀྱི་དབང་གིས་རྩོམ་འབྲིའི་ཤེས་ཡོན་མྱོང་གོམས་ཅུང་ཟད་ཡོད་པ་དགོས་རྒྱུ་ཤིན་ཏུ་གལ་ཆེར་བརྩི་སྲོལ་ལྟར། བོད་ཡིག་འབྲི་རྩོམ་ཡར་རྒྱས་གཏོང་འདོད་ཀྱི་འདུན་མོས་ལྡན་པའི་རབ་བྱུང་ན་གཞོན་རྣམས་ཀྱི་རེ་བ་སྐོང་སླད་འཛིན་གྲྭ་འདི་འཚོགས་བཞིན་ཡོད།
ཡིག་རྒྱུགས་དང་ལག་འཁྱེར།
ལོ་གཉིས་ཀྱི་ཡུན་ཅན་ཡིན་ན། སློབ་དུས་རེར་ཡིག་རྒྱུགས་རེ་དང་། མཐའ་མའི་ཐོན་རྒྱུགས་བཅས་གཏོང་བཞིན་ཡོད་ལ། ཟླ་དྲུག་གི་ཡུན་ཅན་རྣམས་ལ་མཐའ་མའི་ཐོན་རྒྱུགས་དང་བཅས་ལག་འཁྱེར་འབུལ་བཞིན་ཡོད།
སློབ་ཡོན།
ཟླ་རེར་སློབ་ཡོན་དང། ཟས་དོད། ཁང་དོད། དཔེ་མཛོད་ཀྱི་མཐུན་རྐྱེན་སོགས་ཆ་ཚང་བསྡོམས་སློབ་ཡོན་སྒོར་ ༤༥༠༠ ཡིན།


