
མཐོ་སློབ་གསར་འཛུགས་ཀྱི་ཐོག་མའི་བྱུང་རིམ།
༄༅། །བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞིང་གཤེགས་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་ཆོས་རིག་སྲུང་སྐྱོབ་དར་སྤེལ་སླད་འཛུགས་སྐྲུན་ཞུ་རྒྱུའི་སྙན་སེང་བསྒྲོན་འབུལ་ལྟར། ༸གོང་ས་ཆེན་པོས་དེ་ལྟར་འཛུགས་སྐྲུན་ཞུས་ལེགས་བཀའ་སྩལ་བཞིན། དཔལ་ལྡན་སྐུ་སྒེར་ཡིག་ཚང་སོགས་འབྲེལ་ཡོད་རྒྱུ་སྦྱོར་སྦྱིན་བདག་ཁག་ནས་འགྲོ་གྲོན་མཐུན་རྐྱེན་སྦྱོར་གནང་འོག་ཕྱི་ལོ་ ༡༩༩༣ ལོར་གསར་སྐྲུན་དབུ་འཛུགས་ཞུས་པའི་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན།
དབུ་འབྱེད་མཛད་སྒོ།
དེ་ཡང་ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཐོ་སློབ་ཆགས་ཡུལ་ས་གནས་སུ་ཆིབས་བསྒྱུར་གྱིས་ས་གཞིར་རབ་གནས་ཐུགས་སྨོན་བཀའ་དྲིན་བསྐྱངས་པ་དང་། འཛུགས་སྐྲུན་གྱི་རིམ་པ་རྣམས་ལེགས་པར་གྲུབ་མཚམས། ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༡༣ ཉིན་སླར་ཡང་༸གོང་ས་ཆེན་པོ་མཆོག་དངོས་སུ་ཞབས་འཁོད་ཀྱིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དང་། བརྟན་བཞུགས་བསྟར་འབུལ་སོགས་ཆོས་ཕྱོགས་ཀྱི་རྟེན་འབྲེལ་གནང་སྒོ་རྒྱ་ཆེའི་ལམ་ནས་མཐོ་སློབ་དབུ་འབྱེད་བཀའ་དྲིན་བསྐྱངས།
རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་འཛིན།
དེ་སྔ་མཐོ་སློབ་ཀྱི་མཚན་བྱང་ལ་ས་རཱ་རིགས་ལམ་སློབ་གཉེར་ཁང་ཞེས་སྤྱོད་ཀྱི་ཡོད། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡༧ ཉིན་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་ཁྱབ་འོག་རང་གཞུང་ཤེས་རིག་ལས་ཁུངས་ནས་མཐོ་སློབ་འདི་བཞིན་བོད་ཀྱི་ཆོས་རིག་ལ་སློབ་གཉེར་བྱེད་ཡུལ་ཚད་ལྡན་མཐོ་སློབ་ཅིག་ཏུ་གཞུང་འབྲེལ་ངོས་འཛིན་མཛད་དེ་བོད་སྐད་དུ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞེས་པ་དང་། ཨིན་སྐད་དུ་ College for Higher Tibetan Studies ཞེས་པའི་མཚན་བྱང་སྩལ་བ་ནས་བཟུང་། སྤྱི་ཚོགས་ནང་ཡོངས་གྲགས་སུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞེས་འབོད་ཀྱི་ཡོད།
ལོ་ངོ་ཉེར་བདུན་རིང་གི་གྲུབ་འབྲས།
ཕྱི་ལོ་ ༡༩༩༨ ལོར་མཐོ་སློབ་འདི་ཉིད་དབུ་འཛུགས་ཞུས་པ་ནས། ཕྱི་ལོ་ ༢༠༢༣ བར་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཡུན་རིང་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ལ་ཞབས་འདེགས་གང་འཚམས་བསྒྲུབས་པའི་འབྲས་རྟགས་སུ། གཙུག་ལག་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པ། ནང་དོན་རིག་པའི་འཛིན་གྲྭ། རབ་བྱུང་རིག་གནས་འཛིན་གྲྭ། སྲི་ཞུའི་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་། དགེ་རྒན་འོས་སྦྱོང་དང་ཟབ་སྦྱོང། ཟུར་སྦྱོང་འཛིན་གྲྭ། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་སོགས་སྡེ་ཚན་ཁག་གི་ནང་ཁྱོན་སློབ་མ་བཞི་སྟོང་བརྒལ་བར་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་སློབ་ཁྲིད་ཀྱིས་ཕྱི་ནང་སྤྱི་ཚོགས་སུ་དངོས་མཐོང་གི་ཕན་པ་རྒྱ་ཆེ་སྒྲུབ་ཐུབ་པ་བྱུང་ཡོད།
ད་ལྟའི་ཆར་འཛིན་གྲྭ་ཇི་ཡོད།
ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་སྐད་བརྡ་རིག་པ་དང་རྩོམ་རིག་གི་གཙུག་ལག་རབ་འབྱམས་པའི་འཛིན་གྲྭ་གཉིས། མཐོ་རིམ་རིག་གནས་སྐབས་ཉེར་བཞི་པ། ཉེར་ལྔ་པ། ཉེར་དྲུག་པ། ཉེར་བདུན་པ་བཅས་ཀྱི་འཛིན་གྲྭ་བཞི། ནང་དོན་རིག་པའི་འཛིན་གྲྭ་གཉིས། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་གཉིས། ཤེས་རིག་དང་ས་རཱ་མཉམ་འབྲེལ་གྱི་བོད་དགེ་འོས་སྦྱོང་འཛིན་གྲྭ་གཅིག །ཟུར་སྦྱོང་འཛིན་གྲྭ་གཅིག །རབ་བྱུང་རིག་གནས་འཛིན་གྲྭ་གཅིག་བཅས་འགྲོ་མུས་ཡིན།
ས་རཱ་མཐོ་སློབ་ནི། ཀངྒ་རཱའི་གནམ་ཐང་གི་ཉེ་འཁྲིས་སུ་ཆགས་ཤིང་། གནམ་ཐང་ནས་རླངས་འཁོར་བརྒྱུད་སོང་ན་སྐར་མ་ ༡༠ ནང་ཚུད་འབྱོར་ཐུབ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཉེ་འགྲམ་ནས་རླངས་འཁོར་བརྒྱུད་སོང་ན་ཆུ་ཚོད་ཕྱེད་ཙམ་ནང་འབྱོར་ཐུབ་པ་ཡིན།

ས་རཱ་མཐོ་སློབ་ཐོག་མར་གསར་བཞེངས་ཀྱི་དམིགས་ཡུལ་སྐོར་རྒན་དམ་པ་བློ་བཟང་རྒྱ་མཚོས་སྩལ་བའི་བཀའ་སློབ།
༄༅། །རིགས་སློབ་ཏུ་འཛུལ་ཞུགས་བྱ་འདོད་ཅན་མཆོག་དམན་གང་ས་ནས་འཚང་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པས། ད་ལྟ་རིགས་སློབ་ཆགས་ཡུལ་འདིར་རྒྱ་སྐྱེད་བྱ་ཡུལ་གཏན་ནས་མེད་པས། དོན་གཉེར་ཅན་རྣམས་ཀྱི་རེ་བ་སྐོང་མ་ཐུབ་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཁར། རིགས་སློབ་རྒྱ་སྐྱེད་དགོས་པའི་འབོད་སྐུལ་ཞུ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པར་བརྟེན། སྔ་ལོར་འདིའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་སྒྲོན་ཞུས་པའི་སྐབས་དེར་༸གོང་ས་མཆོག་གིས་རིགས་སློབ་འདི་བཞིན་སྔར་ནས་རྒྱ་སྐྱེད་ཐུབ་ན་སྙམ་ཡང་ལག་ལེན་བསྟར་ཐུབ་མ་སོང་བས་ད་ཆ་རྒྱ་སྐྱེད་བྱ་གལ་ཆེ་བས་ས་ཆ་རྒྱ་མི་ཆུང་བ་ཞིག་ཐབས་འཚོལ་དགོས་པའི་བཀའ་ཕེབས་པ་དང་ཁྱད་པར་དུ་ལོ་ཉི་ཤུའི་ནང་དུ་ཐེག་ཆེན་ཆོས་གླིང་ཉེ་འཁོར་དུ་མི་འབོར་ཧ་ཅང་མང་དུ་ཕྱིན་ཡོད་པ་དང་། དེར་མ་ཟད་ལམ་ཁ་གསུམ་མདོ་དེའི་ཁར་མོ་ཊའི་འགྲུལ་བཞུད་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་སློབ་གཉེར་བའི་སློབ་སྦྱོང་ལ་གནོད་སྐྱོན་ཇེ་ཆེར་འགྲོ་བཞིན་པ་སོགས་དངོས་ཡོད་དཀའ་ངལ་གྱི་རྐྱེན་པས་ད་ཆ་རྒྱ་སྐྱེད་བྱ་རྒྱུ་ཁ་ཚ་དགོས་གཏུགས་ལ་སོང་། ས་རྒྱ་ཆེ་ཙམ་ཞིག་ཉོ་ཐབས་དགོས་ལུགས་བཀའ་གསལ་ཕེབས་པར་མི་རིང་བར་རྡ་སའི་ཉེ་འདབས་ས་རཱ་ཞེས་པར་ས་ཆ་ཨེ་ཀ་བཞི་ཡོད་པ་ཞིག་མ་བསྒྲིགས་ལྷུན་གྲུབ་ལྟ་བུར་ཉོ་ཐུབ་བྱུང་།
སློབ་གཉེར་བའི་ཚད་གཞི་ནི། ད་ལྟ་སློབ་གཉེར་བ་དང་དགེ་རྒན་འོས་སྦྱོང་པ་དང་། ལས་བྱེད་བསྡོམས་བརྒྱ་དང་ལྔ་བཅུ་སྐོར་ཡོད། དེ་ལས་རྒྱ་ཆེ་རུ་གཏོང་དགོས་ལ་བརྟེན། རབ་ལ་མཚན་ཉིད་སློབ་གཉེར་བ་ཉི་བརྒྱ་ནས་སུམ་བརྒྱ་བར་དང་། རིག་གནས་དང་དགེ་རྒན་འོས་སྦྱོང་པ་ལྔ་བཅུ་ནས་བརྒྱའི་བར་ཞིག་ཚུགས་ཐུབ་ན་སྙམ་པའི་རེ་བ་ཞུ་བཞིན་ཡོད། དེ་ལྟར་མ་བྱུང་ནའང་མཚན་ཉིད་སློབ་གཉེར་བ་ཆ་ཚང་སྤོ་བཞུད་ཐུབ་པ་ཞིག་ངེས་པར་དགོས་ངེས་ཆགས་ཀྱི་འདུག དེའི་ཁང་བཀོད་འཆར་གཞི་གོང་གསལ་ལྟར་སློབ་གཉེར་བ་ལ་གཞིག་སྟེ་སློབ་གཉེར་བ་གཉིས་རེ་ཁང་མིག་རེ་དང༌། དེའི་འཛིན་ཁང་། གསོལ་ཚིགས་ཁང་། ལས་བྱེད་པའི་སྡོད་ཁང་། སྔ་དགོང་ཆོས་སྤྱོད་དང་ཚོགས་འདུ་འཚོགས་ཡུལ་སོགས་ཀྱི་ཚོགས་ཁང༌། དཔེ་མཛོད་ཁང་རན་ལ་འཚམས་པ་ཞིག་གསར་བསྐྲུན་བྱ་རྒྱུའི་དཔེ་མཚོན་ས་བཀྲ་ཟུར་ཡོད་ལྟར་ཡིན་ལ། ད་དུང་བཀོད་ལེགས་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡང་སྐྱབས་བཅོལ་བ་ལ་གཞིགས་པའི་རྫིག་པོ་དང་འགྲོ་གྲོན་ཆེ་བའི་རྒྱས་སྤྲོས་ནི་བཟོ་བརྩིས་མེད།
ཨར་ལས་འགོ་འཛུགས་བྱེད་ཕྱོགས་ཐད་ཐོག་མར་འཁོར་ལམ་མ་བཟོ་ཐབས་མེད་ལ་བརྟེན་སློབ་གཉེར་བ་རྣམས་ནས་དང་བླང་གིས་འཁོར་ལམ་རིང་ཚད་མི་ཊར་ ༢༠༠ ཙམ་ཞིག་ཡོད་པ་གསར་བཟོ་ལེགས་པར་ཟིན་པ་ཡིན། དེ་ནས་འཐུང་ཆུ་ས་འོག་ནས་འཐེན་ཐབས་བྱ་རྒྱུ་དང༌། འཆར་གཞི་གཞི་རྒྱ་ཆེན་པོ་ཡིན་པར་སོང་། གློག་བརྟན་པོ་ཞིག་ཀྱང་འཁྲིད་ཐབས་བྱ་རྒྱུ་ཡིན། ཤིང་སྣ་དང་ཅ་དངོས་སྲུང་སྐྱོབ་ཀྱི་ཆེད་དུ་ལྕགས་སྐུད་ཀྱི་ར་བ་བཙན་པོ་ཞིག་ཀྱང་བསྐོར་རྒྱུ་ཡིན། ལས་དོན་དེ་དག་གྲུབ་བསྟུན་ཤིང་སྣ་གྲངས་ ༥༠༠ ཙམ་འདེབས་ལས་ཐུབ་ན་སྙམ་པའི་རེ་བ་དང་། དེ་དག་ལེགས་གྲུབ་དང་བསྟུན་ཨར་ལས་དངོས་གཞི་འཚུགས་ཏེ་འཆར་གཞི་ལྟར་གྱི་ལས་དོན་བྱ་རྩིས་ཡོད། ཨར་ལས་ཀྱི་ལས་དོན་བྱེད་སྐབས་སུའང་ད་ཡོད་ཤིང་སྣ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་མི་གནོད་པ་གཙོ་བཟུང་གི་ཁོར་ཡུག་ཐོག་གནོད་གཞི་མེད་པའི་འཕྲུལ་འཁོར་དཔེར་ན། ཉི་འོད་ཀྱི་ཚ་ཆུ་བཟོ་ཐབས་སོགས་ཀྱི་འཕྲུལ་འཁོར་རིགས་གང་འཚམས་འཛུགས་ཐུབ་པའི་རེ་བ་ཡོད།
རིགས་སློབ་འདི་བཞིན་གཞི་རྒྱ་ཆེ་རུ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་གཞིས་བྱེས་གཉིས་ནང་རང་ལུགས་ཆོས་རིག་གི་གཞུང་ལུགས་རྒྱ་ཆེ་གཏིང་ཟབ་མཐའ་དག་ཉམས་ཆག་ཚབས་ཆེ་བྱུང་སྟེ་སླར་ཤུལ་འཛིན་བྱ་རྒྱུ་ཧ་ཅང་དཀའ་བའི་གནས་སུ་གྱར་ཡོད་པ་མ་ཟད། ཤེས་རིག་གི་སློབ་གྲྭ་ཁག་མང་གསར་འཛུགས་ཐུབ་པ་བྱུང་ནའང་གཞོན་སྐྱེས་ཚོས་ཕྱི་རྒྱལ་གྱི་ཤེས་ཡོན་ལ་དབྱིངས་འཕར་བ་ལས་རང་ལུགས་ཀྱི་ཤེས་ཡོན་ལ་དོ་སྣང་ཞན་དུ་འགྲོ་བཞིན་པའི་ཁར་སློབ་འཁྲིད་བྱེད་པོ་དགེ་རྒན་ཡང་ཚད་འཕེར་ཤིན་ཏུ་དཀོན་པས་སློབ་གྲྭ་ཁག་མང་ལ་བོད་དགེ་མ་རྙེད་པར་ལུས་ཏེ་མུ་གེའི་ཐོག་ལ་ཟླ་ལྷག་གི་དཔེ་ལྟ་བུ་ཆགས་ཡོད། རིགས་སློབ་འདི་ཉིད་ཆོས་རིག་གི་སློབ་སྦྱོང་ཆ་ཚང་ཡོད་པར་བརྟེན་ཚང་མས་རེ་འདུན་བྱ་ཡུལ་གལ་ཆེ་ཞིག་ཆགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལ་སོང༌། ང་ཚོས་གཞི་རྒྱ་ཆེ་རུ་གཏང་རྒྱུའི་འཁུར་བརྩོན་མ་བྱས་ཀ་མེད་ལ་བརྟེན། ང་ཚོའི་ངོས་ནས་འཁུར་བརྩོན་གང་ཡོད་བཏོན་ཏེ་འབད་སྒྲུབ་བྱེད་བཞིན་ཡོད་ལགས།། ༼ གོང་གསལ་རྣམས་དབུ་དགེ་དམ་པའི་གསུང་ཡིན།༽


