ཡིག་འགྲུལ་མཐོ་རིམ་རིག་གནས་རབ་འབྱམས།

དང་པོ། ཡིག་འགྲུལ་སློབ་སྦྱོང་གི་དམིགས་ཡུལ།

བོད་ཀྱི་མཐོ་རིམ་རིག་གནས་ལ་སློབ་གཉེར་བྱེད་རྒྱུའི་འདུན་པ་ཡོད་ཀྱང་། དངོས་སུ་ས་རཱ་མཐོ་སློབ་སོགས་བོད་ཀྱི་མཐོ་སློབ་ཁག་ཏུ་ཞུགས་ཏེ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་དང་མཐུན་རྐྱེན་མེད་པའི་ན་གཞོན་རྣམས་ཀྱི་ཆེད། དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་དགོངས་གཞི་ལྟར། ཕྱི་ལོ་ ༢༠༠༡ ནས་བཟུང་འདི་ག་ས་རཱ་མཐོ་སློབ་ཏུ་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་བྱེད་རྒྱུའི་གོ་སྐབས་གསར་གཏོད་ཞུས་ཤིང་། ལས་གཞི་འདིར་དཔལ་ལྡན་ཤེས་རིག་ལས་ཁུངས་སོགས་འབྲེལ་ཡོད་སྤྱི་སྒེར་མང་པོས་དམིགས་བསལ་ཐུགས་འཁུར་ཆེ་བཞེས་ཀྱིས་བླང་དོར་ལམ་སྟོན་མཐུན་འགྱུར་གང་ལེགས་གནང་ཡོད།

ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མང་དག་ཅིག་བྱུང་བ་དེ་དག་གིས་དེང་སྐབས་ཕྱི་ནང་སྤྱི་ཚོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གྱི་ལས་དོན་གཟེངས་ཐོན་བསྒྲུབས་དང་སྒྲུབ་བཞིན་པ་རང་རེ་རྣམས་དགའ་སྤོབས་སྐྱེ་གཞིའི་གྲུབ་འབྲས་སུ་ངོས་འཛིན་ཆོག་པ་ལྟར། མུ་མཐུད་ཡིག་འགྲུལ་གྱི་སློབ་གཉེར་བརྒྱུད་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དར་སྤེལ་ལ་སྨན་པའི་མི་སྣ་གང་མང་གསོ་སྐྱོང་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད།

བོད་ཀྱི་གནའ་བོའི་ཆོས་རིག་ལ་དགའ་གུས་དོན་གཉེར་ལྡན་པའི་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་ཡིན་ཡང་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་གནང་རྒྱུའི་གོ་སྐབས་ཡོད།

གཉིས་པ། ལས་རིམ་ངོ་སྤྲོད།

༡། སློབ་ཡུན་དང་སྐད་ཡིག །

མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་ལོ་ཡུན་བཞི་ཡིན་ཞིང་། སྐད་ཡིག་ནི་བོད་ཡིག་ཁོ་ན་ཡིན།

༢། སློབ་གཉེར་བའི་འོས་ཆོས།

ཡིག་རྒྱུགས་མི་དགོས་པར་ཐད་ཀར་འཛུལ་ཞུགས་ཆོག་པའི་རིགས།
  • རྒྱ་གར་རྒྱལ་ཡོངས་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་པའི་སྟེང་། བོད་ཡིག་ལ་མ་མཐར་བརྒྱ་ཆ་ ༤༠ ལོན་པ།
  • རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པ་ཐོན་པ།
  • ཝཱ་ཎ་མཐོ་སློབ་ནས་དབུ་མ་གོང་མ་ཐོན་པ།
  • བོད་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཚད་ལྡན་ཡོད་པ།

གོང་གསལ་ལག་འཁྱེར་རྣམས་མེད་ཀྱང་ཡིག་འགྲུལ་མཐོ་རིམ་རིག་གནས་རབ་འབྱམས་པའི་ཚུད་རྒྱུགས་ནང་ཞུགས་ཏེ་རྒྱུགས་སྤྲོད་ལོངས་པ་བྱུང་ན་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་བྱེད་ཆོག་པ་ཡིན།

སློབ་གཉེར་བ་རང་ཉིད་གང་ནས་ཐོན་པའི་སློབ་གྲྭའམ། གཞུང་འབྲེལ་ངོས་འཛིན་ཡོད་པའི་ལས་ཁུངས་གང་རུང་ཞིག་ནས་ངོ་སྤྲོད་ཡི་གེ་ཞིག་ངེས་པར་དུ་དགོས་པ་ཡིན།

༣། འཛུལ་ཞུགས་ཀྱི་ཆ་རྐྱེན་ཡིག་ཆ།

  • མཐོ་སློབ་ནས་བཏང་བའི་འགེངས་ཤོག་གཉིས་ཆད་ལུས་མེད་པར་བསྐངས་ཏེ་མཐོ་སློབ་ཏུ་ངེས་པར་བསྐུར་དགོས།
  • འཛིན་རིམ་གཅུ་གཉིས་སམ་དེ་དང་དོད་མཉམ་གྱི་ལག་ཁྱེར།
  • འཛིན་རིམ་བཅུ་གཉིས་ཐོན་པའི་རྒྱུགས་སྤྲོད་བརྒྱ་ཆའི་ལག་ཁྱེར།
  • འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་འཐོན་རྒྱུ་ཡིན་པའི་དབང་གིས་འདི་ག་མཐོ་སློབ་ཏུ་འཛུལ་ཞུགས་སྙན་ཞུ་འབུལ་སྐབས་ལག་འཁྱེར་དངོས་སུ་འབུལ་རྒྱུ་མེད་པ་རྣམས་ཀྱིས་རྗེས་སུ་ཡིག་རྒྱུགས་སྐབས་ལག་འཁྱེར་དངོས་སུ་བསྟན་རྒྱུ་ཡོད་པ་དགོས།
  • བོད་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡིན་ན། དེར་ཤེས་རིག་ལས་ཁུངས་སམ་བདེ་སྲུང་ཉམས་ཞིབ་ཁང་ནས་དག་མཆན་ཞུ་དགོས།
བཙན་བྱོལ་བོད་མི་ཡིན་ན།
  • དང་བླང་དཔྱད་དངུལ་ལག་དེབ་འདྲ་བཤུས།
  • སྐྱབས་བཅོལ་ལག་དེབ་འདྲ་བཤུས།
  • ཉེ་དུས་ཀྱི་ཕྱེད་པར་བཞི།
ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཡིན་ན།
  • རྒྱ་གར་གྱི་ཨཱ་དཱར་ལག་འཁྱེར་རམ། ཡང་ན་ལུང་པ་སོ་སོའི་མི་སེར་ལག་འཁྱེར།

༤། ནང་སྦྱོང་སྐོར།

སློབ་གཉེར་བ་རྣམས་སློབ་ཚན་ལ་དོ་སྣང་དང་། འབད་བརྩོན། སློབ་གཉེར་ཡར་རྒྱས་བཅས་ཡོང་བའི་དོན་དུ། ལོ་འཁོར་གཅིག་གི་ནང་སློབ་ཚན་སོ་སོར་ལོ་ཕྱེད་དང་ལོ་འཁོར་གྱི་ནང་སྦྱོང་གཉིས་རེ་ངེས་པར་འབྲི་དགོས་ཤིང་། ལོ་ཕྱེད་ཡིག་རྒྱུགས་མེད་ཀྱང་། ཤེས་ཚད་དེ་དང་དོ་མཉམ་ཡོང་ཕྱིར་ཆེད་རྩོམ་ཞིག་ངེས་པར་འབྲི་དགོས། མཐོ་སློབ་ནས་ནང་སྦྱོང་གི་དྲི་བ་ཟླ་ཚེས་དུས་བཅད་གང་ཡིན་ལ་དུས་ཐོག་གཏོང་དགོས་པ་དང་། སློབ་གཉེར་བས་ཀྱང་ནང་སྦྱོང་ཟླ་ཚེས་དུས་བཅད་གང་ཡིན་ལ་འགོར་འགྱངས་མེད་པར་དུས་ཐོག་མཐཽ་སློབ་ཏུ་གཏོང་ཐུབ་པ་དགོས། ནང་སྦྱོང་ཇི་ལྟར་བསྐུལ་བ་རྣམས་མ་བསྒྲུབས་པ་དང་། ཆེད་རྩོམ་མ་བྲིས་པ་བྱུང་ན་ལོ་འཁོར་རྒྱུགས་སྤྲོད་ནང་ཞུགས་མི་ཆོག་པ་ཡིན།

ནང་སྦྱོང་གཏོང་ཚེས་དང་འབྱོར་ཚེས།

ལོ་རེའི་སློབ་དུས་དང་པོའི་ནང་སྦྱོང་གང་ཡིན་ཕྱི་ཟླ་ ༨ ཚེས་ ༣༠ ནང་ཚུད་དུ་མཐོ་སློབ་ནས་འབྲེལ་ཡོད་སློབ་མ་སོ་སོར་བཏང་ཟིན་པ་དགོས་ཤིང་། སློབ་མའི་ངོས་ནས་ནང་སྦྱོང་གང་བྱས་ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནང་ཚུད་མཐོ་སློབ་ཏུ་ཕུལ་ཟིན་པ་དགོས། སློབ་དུས་གཉིས་པའི་ནང་སྦྱོང་གང་ཡིན་ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ནང་ཚུད་དུ་མཐོ་སློབ་ནས་འབྲེལ་ཡོད་སློབ་མ་སོ་སོར་བཏང་ཟིན་པ་དགོས་ཤིང་། སློབ་མའི་ངོས་ནས་ནང་སྦྱོང་གང་བྱས་ལོ་རེའི་ཕྱི་ཟླ་ ༣ ཚེས་ ༣༠ ནང་ཚུད་མཐོ་སློབ་ཏུ་ཕུལ་ཟིན་པ་དགོས། ནང་སྦྱོང་མ་བྱས་པའམ། བྱས་ཀྱང་གོང་ཚེས་སོ་སོར་དུས་ཐོག་བསྐུར་འབྱོར་མ་བྱུང་ཚེ། ལོ་འཁོར་རྒྱུགས་སྤྲོད་ནང་ཞུགས་མི་ཆོག་པ་ཡིན།

ནང་སྦྱོང་དང་ཆེད་རྩོམ་གྱི་བརྒྱ་ཆ།
  • སློབ་ཚན་སོ་སོའི་ནང་སྦྱོང་རེ་རེར་བརྒྱ་ཆ། 4×2=8
  • སློབ་ཚན་སོ་སོའི་ཆེད་རྩོམ་བརྒྱ་ཆ། 7×1=7
  • ནང་སྦྱོང་ཁག་ལ་བརྒྱ་ཆ་ ༡༥།
  • ལོ་འཁོར་ཡིག་རྒྱུགས་ལ་བརྒྱ་ཆ་ ༡༠ བཅས་ཁྱོན་བསྡོམས་བརྒྱ་ཆ་ ༢༥ ཡོད། ཡིག་རྒྱུགས་ཀྱི་བརྒྱ་ཆའི་ཆ་བགོས་རྣམས་ས་རཱ་མཐོ་སློབ་ཀྱི་སློབ་གཉེར་བའི་བརྒྱ་ཆ་འགྲོ་སྟངས་དང་གཅིག་མཚུངས་ཡིན།
  • ནང་སྦྱོང་དང་། ཆེད་རྩོམ། ལོ་འཁོར་ཡིག་རྒྱུགས་ཀྱི་ལན་ཤོག་ལ་དོ་བདག་སོ་སོའི་ཞབས་ཨང་ལས་མཚན་བཀོད་མི་ཆོག་ཅིང་། སྙན་ཞུ་སོགས་ཡིག་འབྲེལ་གཞན་ལ་་སོ་སོའིམཚན་འཁོད་དགོས།

གསུམ་པ། ཡིག་རྒྱུགས་དང་འབྲེལ་བའི་སྐོར།

1 ཡིག་རྒྱུགས་གཏོང་ཕྱོགས།

ཡིག་འགྲུལ་སློབ་མ་རྣམས་ལོ་ཕྱེད་ཡིག་རྒྱུགས་ཚབ་ཏུ་ནང་སྦྱོང་ཁག་དང་། ཆེད་རྩོམ་གྱིས་འཐུས་པར་བྱས་ཀྱང་ལོ་འཁོར་ཡིག་རྒྱུགས་གཏོང་བར་ས་རཱ་མཐོ་སློབ་ཏུ་ངོ་བཅར་གྱིས་འདི་གའི་མཐོ་སློབ་ཀྱི་འཛིན་གྲྭ་གང་ཡིན་དང་མཉམ་དུ་གཏོང་དགོས།

2 བརྒྱ་ཆ་སྤྲོད་ཕྱོགས།

ལོ་རེའི་དྲི་ཤོག་གི་ཨང་ཀིའི་ཐོབ་ཆ་ནི། ལོ་རིམ་དང་པོ་དང་གཉིས་པའི་སྐབས་བརྒྱ་ཆ་ ༢༥ རེ་དང་། གསུམ་པའི་སྐབས་བརྒྱ་ཆ་ ༥༠ བཅས་བསྡོམས་བརྒྱ་ཆ་བརྒྱ་ཡོད། འདི་ནི་སློབ་ཐོན་ལག་འཁྱེར་ཐོག་ལ་འགོད་རྒྱུའི་བརྒྱ་ཆ་ཡང་ཡིན།

3 ཨང་རིམ་སྤྲོད་ཕྱོགས།

  • ཁྱད་འཕགས་ ༧༥ ཡན།
  • ཨང་སྡེ་དང་པོ་ ༦༠ ནས་ ༧༤ བར།
  • ཨང་སྡེ་གཉིས་པ་ ༥༠ ནས་ ༥༩།
  • ཨང་སྡེ་གསུམ་པ་ ༣༥ ནས་ ༤༩ བར།

4 རྒྱུགས་འཕྲོད་བརྒྱ་ཆ།

ནང་སྦྱོང་བརྒྱ་ཆ་ ༢༥ ནས་ཅི་ཐོབ་ལོ་འཁོར་ཡིག་རྒྱུགས་ལ་བསྡོམས་ནས་སློབ་ཚན་རེར་བརྒྱ་ཆ་ ༣༥ ལོན་ན་ཡིག་རྒྱུགས་འཕྲོད་པ་ཡིན།

5 ཡིག་ཚད་མ་ལོངས་པའི་སྐོར།

ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་སློབ་ཚན་གང་རུང་གཅིག་ལ་ཡིག་ཚད་མ་ལོངས་ན་བསྐྱར་རྒྱུགས་ཐེངས་གཅིག་གཏོང་བའི་གོ་སྐབས་ཡོད། དེ་ཡང་མ་ལོངས་ན་འཛིན་གྲྭ་དེ་ཉིད་ལ་གནས་དགོས་ཤིང་། གལ་ཏེ་སློབ་ཚན་གཉིས་ཀྱི་ཡིག་རྒྱུགས་མ་འཕྲོད་ཚེ་འཛིན་གྲྭ་རང་འཇགས་ཀྱི་ཐོབ་ཐང་ལས་བསྐྱར་རྒྱུགས་གོ་སྐབས་མེད། ལོ་རིམ་གསུམ་གྱི་ནང་ཡིག་རྒྱུགས་ལན་གཅིག་མ་འཕྲོད་པའམ་བསྐྱར་རྒྱུགས་རིགས་མ་འཕྲོད་པ་རྣམས་ལ་ལོ་རྗེས་མར་མུ་མཐུད་ཡིག་རྒྱུགས་གཏོང་ཆོག །ལོ་རེའི་ཡིག་རྒྱུགས་འཕྲོད་པ་སྔོན་སོང་གིས་ལོ་རིམ་འཕར་དགོས་པ་ལས་ལོ་སྔ་མར་རྒྱུགས་མ་འཕྲོད་པར་ལོ་རིམ་ཕྱི་མའི་རྒྱུགས་སྤྲོད་ནང་ཞུགས་མི་ཆོག །དུས་ཡུན་ལོ་ལྔའི་ནང་སློབ་ཐོན་ཟིན་པ་ཞིག་ངེས་པར་དགོས་པ་ལས། ལོ་ལྔའི་ནང་སློབ་ཐོན་མ་བྱུང་ཚེ་བསྐྱར་དུ་སློབ་གཉེར་གྱི་གོ་སྐབས་མེད།

གསལ་བཤད།

འབྲེལ་ཡོད་སློབ་ཚན་ཁག་གི་སྐོར་སློབ་དཔོན་རྣམ་པར་བཀའ་འདྲི་དོགས་གཅོད་ཞུ་དགོས་པ་ཡོད་ན། ལོ་འཁོར་ཡིག་རྒྱུགས་ཀྱི་ཉིན་བཅུའི་གོང་ནས་མཐོ་སློབ་ཏུ་ཕེབས་བཞུགས་ཁང་པ་དང་ཞལ་ལག་གི་མཐུན་རྐྱེན་ཡོད་མོད། དེ་དག་ལ་དོད་ཐོབ་རིན་འབབ་འབུལ་དགོས་པ་ཡིན། འདི་གར་འབྲེལ་བ་གནང་དགོས་གནས་ཚུལ་གང་བྱུང་དུས་ཐོག་ཡིག་འགྲུལ་འབྲེལ་མཐུད་པར་འབྲེལ་བ་གནང་དགོས།

བཞི་པ། ལོ་རེའི་སློབ་ཡོན་སྤྲོད་ཕྱོགས།

ཡིག་འགྲུལ་སློབ་མ་རྣམས་ཀྱིས་ལོ་རེར་སློབ་ཡོན་ཇི་འབབ་དུས་འགྱངས་མེད་པར་མཐོ་སློབ་ཏུ་འབུལ་དགོས་ཤིང་། སློབ་ཡོན་འབུལ་ཕྱོགས་ནི། སློབ་གཉེར་བ་དོ་བདག་མཐོ་སློབ་ཏུ་ངོ་བཅར་གྱིས་འབུལ་རྒྱུའམ། ཡང་ན། དངུལ་ཁང་བརྒྱུད་ཕུལ་ཡང་རུང་བ་ཡིན།

གསལ་བཤད།

ཡིག་རྒྱུགས་མ་འཕྲོད་ན་སློབ་ཡོན་བསྐྱར་དུ་སྤྲོད་དགོས་པ་དང་། ཡིག་རྒྱུགས་སྐབས་འདི་གར་བཞུགས་རིང་གི་ལྟོ་དོད་དང་ཁང་དོད་ཟུར་དུ་སྤྲོད་དགོས། སློབ་ཡོན་འཕར་བ་སོགས་བྱུང་ན་དུས་ཐོག་བརྡ་ལན་གཏོང་རྒྱུ་ཡིན།

སློབ་ཡོན་ Demand Draft. (D.D) བརྒྱུད་གཤམ་གསལ་ཁ་བྱང་ཐོག་གཏོང་དགོས།

In favour of Institute of Buddhist Dialectics payable at

འབྲེལ་མཐུད་ཁ་བྱང་།

Mrs. Tenzin Minlay (Co-ordinator)
College for Higher Tibetan Studies
P.O Sarah, Dharamsala Distt Kangra, 176215
Himachal Pradesh
Mobile no.: 9596455326 Email: tminlay1959@gmail.com, secretary@chts.in

སྒྲིག་གཞི་འདི་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དབུ་བཞུགས་ཐོག་སློབ་དཔོན་བགྲེས་གཞོན་ཚང་མ་ལྷན་འཛོམས་ཀྱིས་སྔར་ཡོད་སྒྲིག་གཞི་གཞི་རྩར་བཞག་སྟེ། འདས་པའི་ཉམས་མྱོང་གི་གསལ་ཁ་སྟོན་དགོས་རིགས་ལ་གསལ་ཁ་དང་བཅས་གཏན་ལ་ཕབ། འབྱུང་འགྱུར་བསྐྱར་བཅོས་དགོས་ཚེ་སློབ་སྤྱི་དབུ་བཞུགས་ཐོག་སློབ་དཔོན་བགྲེས་གཞོན་ལྷན་འཛོམས་ཀྱིས་མང་མོས་བསྐྱར་བཅོས་བྱ་དགོས།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཡིག་ཚང་ནས།

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ལ།