ནང་དོན་རིག་པའི་འཛིན་གྲྭ།

ནང་དོན་རིག་པའི་འཛིན་གྲྭ་ནི། རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་ལ་སློབ་གཉེར་བྱེད་འདོད་ཡོད་པའི་སྐྱ་སེར་དབྱེར་མེད་ཀྱི་སློབ་གཉེར་བ་འཛུལ་ཞུགས་ཆོག་པའི་འཛིན་གྲྭ་ཞིག་ཡིན་ལ། དེ་སྔ་རིགས་སློབ་ཨ་མར་བཞུགས་གནས་མཐུན་རྐྱེན་དཀོན་པ་སོགས་ཀྱི་གནས་སྟངས་ལ་བརྟེན། བསྡུས་གྲྭ་དང་། བློ་རིག །རྟགས་རིགས་བཅས་ཀྱི་གཞུང་ཆེན་སྔོན་འགྲོའི་སློབ་ཚན་རྣམས་ལ་འདི་ག་ས་རཱ་མཐོ་སློབ་ཏུ་སློབ་གཉེར་བྱས་ཏེ། དེ་ནས་གཞུང་ཆེན་དངོས་གཞིའི་སློབ་གཉེར་འགོ་འཛུགས་སྐབས་རིགས་སློབ་ཨ་མར་གནས་སྤོས་བྱེད་སྲོལ་བྱུང་བ་ཞིག་ཡིན། དེ་ཡང་ས་རཱ་མཐོ་སློབ་ཏུ་ནང་དོན་རིག་པའི་འཛིན་གྲྭ་ཐོག་མ་དེ་ཕྱི་ལོ་ ༢༠༠༠ ལོར་འགོ་འཛུགས་ཞུས་ཡོད།

ནང་དོན་རིག་པའི་སློབ་གཉེར་བ་གསར་ཞུགས་རྣམས་ཀྱིས་འདི་ག་ས་རཱ་མཐོ་སློབ་ཏུ་བཞུགས་རིང་གཤམ་གསལ་སློབ་ཚན་རྣམས་ལ་སློབ་གཉེར་བྱེད་དགོས་པ་ཡིན།

༡། བོད་ཀྱི་སྐད་ཡིག །

༢། ཨིན་ཡིག །

༣། བསླབ་བྱའི་སྡེ་ཚན།

༤། སྟོན་པའི་རྣམ་ཐར་སོགས་ཆོས་འབྱུང་མདོར་བསྡུས།

༥། བསྡུས་གྲྭ།

༦། རྟགས་རིགས།

༧། བློ་རིག །

ས་རཱ་མཐོ་སློབ་ཏུ་སྡོད་རིང་གོང་གསལ་སློབ་ཚན་རྣམས་ལ་སློབ་གཉེར་ཟིན་མཚམས། རིགས་སློབ་ཨ་མར་གནས་སྤོས་ཀྱིས་ཕར་ཕྱིན་ལོ་དྲུག །དབུ་མ་ལོ་གསུམ། མཛོད་ལོ་གཉིས། འདུལ་བ་ལོ་གཉིས། གསང་སྔགས་ཀྱི་གཞུང་ལ་ལོ་གཉིས། མཛོད་འདུལ་གྱི་སྐབས་སྔ་འགྱུར་རྙིང་མ་དང་། མཉམ་མེད་བཀའ་བརྒྱུད། དཔལ་ས་སྐྱ་བཅས་ཀྱི་གཞུང་ལ་སློབ་གཉེར་བྱེད་དགོས་ཤིང་། ཕར་ཕྱིན་ལོ་དྲུག་ཟིན་མཚམས་ཕར་ཕྱིན་རབ་འབྱམས་པའི་ལག་འཁྱེར་དང་། དབུ་མ་ལོ་གསུམ་ཟིན་མཚམས་དབུ་མ་རབ་འབྱམས་པའི་ལག་འཁྱེར། མཛོད་འདུལ་དང་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལ་ཐོས་བསམ་ལོ་ངོ་བཞི་ཟིན་མཚམས་རིས་མེད་སློབ་དཔོན་གྱི་ལག་འཁྱེར། གསང་སྔགས་ཀྱི་གཞུང་ལ་ལོ་གཉིས་སློབ་གཉེར་ཟིན་མཚམས་རིས་མེད་དགེ་བཤེས་ཀྱི་ལག་འཁྱེར་གནང་སྲོལ་ཡོད།

ནང་དོན་རིག་པའི་འཛིན་གྲྭར་འཛུལ་ཞུགས་ཀྱི་ཆ་རྐྱེན།

ནང་དོན་རིག་པའི་འཛིན་གྲྭར་འཛུལ་ཞུགས་བྱེད་རྒྱུར་བོད་ཀྱི་སྐད་ཡིག་གི་རྨང་གཞི་གང་འཚམས་ཡོད་པ་ཞིག་དགོས།
གསར་དུ་འཛུལ་ཞུགས་གནང་མཁན་རྣམས་ཀྱིས་ཐོག་མར་རིགས་སློབ་སྤྱི་ཁྱབ་དབུ་འཛིན་གྱི་མཚན་ཐོག་ཏུ་སྙན་ཞུ་འབུལ་དགོས།
དེ་ནས་ས་རཱ་མཐོ་སློབ་ཀྱི་ཡིག་ཚང་དུ་འབྲེལ་བ་ཞུ་དགོས།
ནང་དོན་རིག་པའི་འཛིན་གྲྭའི་ནང་སློབ་ཞུགས་བྱེད་པར་མི་རིགས་ཀྱི་དབྱེ་བ་མེད་ལ། སྐྱ་སེར་གྱི་དབྱེ་བའང་མེད།

ཕྱི་རྒྱལ་སློབ་ཕྲུག་ཡིན་ན་རྒྱ་གར་ནང་སློབ་གཉེར་ཆེད་གནས་སྡོད་ཆོག་པའི་མཐོང་མཆན་ཡོད་དགོས།

ནང་དོན་རིག་པའི་སློབ་གཉེར་བ་རྣམས་ཀྱིས་ཆོས་རའི་ནང་རིགས་ལམ་རྩོད་བཞིན་པ།