མཐོ་རིམ་རིག་གནས་རབ་འབྱམས།

འདས་པའི་ལོ་ངོ་ ༢༧ རིང་ས་རཱ་མཐོ་སློབ་ཏུ་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་ ༢༤ བར་སློབ་ཐོན་ཟིན་ཅིང་། འདི་ལོ་ཕྱི་ལོ་ ༢༠༢༥ ལོར་ས་རཱ་མཐོ་སློབ་ཏུ་མཐོ་རིམ་རིག་གནས་སྐབས་ ༢༥། ༢༦། ༢༧ བཅས་འཛིན་གྲྭ་གསུམ་སློབ་གཉེར་བྱེད་མུས། ཕྱི་ལོ་ ༢༠༢༥ ཟླ་ ༧ སློབ་དུས་གསར་པའི་སྐབས་མཐོ་རིམ་རིག་གནས་རབ་འབྱམས་སྐབས་ ༢༨ འཛིན་གྲྭ་གསར་དུ་འཚོགས་རྒྱུ་ཡིན། མཐོ་རིམ་རིག་གནས་རབ་འབྱམས་པའི་འཛིན་གྲྭ་ནི་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གནས་ཀྱི་འཛིན་གྲྭ་(Bachelor of Tibetan Studies)ཞིག་ཡིན་ལ། ས་རཱ་མཐོ་སློབ་ཀྱི་འཛིན་གྲྭ་རྣམས་ཀྱི་གཙོ་བོའམ་ཨ་མ་ལྟ་བུ་དེ་ཡིན།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༣༠ ཉིན་སློབ་ཐོན་བྱུང་བའི་མཐོ་རིམ་རིག་གནས་རབ་འབྱམས་སྐབས་ ༢༤ སློབ་མ་འགའ་ཞིག །

མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན།

  • བོད་ཀྱི་བརྡ་སྤྲོད།
  • བོད་ཀྱི་རྩོམ་རིག །
  • བོད་ཀྱི་རྒྱལ་རབས།
  • ནང་པའི་ལྟ་གྲུབ་བཅས་ཡིན།

སློབ་ཡུན།

མཐོ་རིམ་རིག་གནས་རབ་འབྱམས་པའི་འཛིན་གྲྭའི་དུས་ཡུན་ལོ་བཞི་ཡིན། ལོ་རིམ་སོ་སོའི་བསླབ་གཞི་ཟུར་དུ་བཀོད་པར་གཟིགས་རྒྱུ།

འཛུལ་ཞུགས་ཡིག་རྒྱུགས་སྐོར།

གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པ་རྣམས་མཐོ་རིམ་རིག་གནས་རབ་འབྱམས་འཛིན་གྲྭར་ཡིག་རྒྱུགས་གཏོང་མི་དགོས་པར་ཐད་ཀར་འཛུལ་ཞུགས་ཆོག་པ་དང་། གལ་ཏེ་འཛིན་རིམ་བཅུ་གཉིས་མ་ཐོན་ཀྱང་བོད་ཡིག་གི་གནས་ཚད་གང་འཚམས་ཡོད་པ་ཞིག་ཡིན་ན། མཐོ་རིམ་རིག་གནས་འཛིན་གྲྭར་ཚུད་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་ཆོག་གི་ཡོད། མཐོ་རིམ་རིག་གནས་རབ་འབྱམས་པའི་ཚུད་རྒྱུགས་ནི་ལོ་རེའི་ཕྱི་ཟླ་ ༤ ཟླ་མཇུག་ཏུ་ས་རཱ་མཐོ་སློབ་ཀྱི་ལོ་འཁོར་རྒྱུགས་སྤྲོད་སྐབས་གཏོང་བཞིན་ཡོད། ཚུད་རྒྱུགས་སྐབས་སྐད་ཡིག་གཉིས་པའི་ཚུལ་དུ་འཛིན་རིམ་ལྔ་པའི་གནས་ཚད་དང་དོ་མཉམ་པའི་ཨིན་ཡིག་དང་རྒྱ་ཡིག་གང་རུང་གི་ཡིག་རྒྱུགས་ཀྱང་གཏོང་གི་ཡོད།

འཛུལ་ཞུགས་དུས་ཚོད་དང་གསལ་བསྒྲགས།

མཐོ་རིམ་རིག་གནས་རབ་འབྱམས་པའི་འཛུལ་ཞུགས་སྐོར་ལོ་རེའི་ཕྱི་ཟླ་ ༣ ཟླ་འགོར་བོད་ཀྱི་དུས་བབ་དང་། མཐོ་སློབ་ཀྱི་ངོ་དེབ་བརྒྱུད་གསལ་བསྒྲགས་གཏོང་བཞིན་ཡོད་ཅིང་།

ཡིག་འགྲུབ་མཐོ་རིམ་རིག་གནས་རབ་འབྱམས།

གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་གི་ཤེས་ཚད་གང་འཚམས་ལེགས་པོ་ཡོད་ཅིང་། མཐོ་རིམ་རིག་གནས་སློབ་གཉེར་བྱ་རྒྱུར་འདུན་མོས་ཡོད་པའི་གཞོན་སྐྱེས་རྣམས་ཀྱི་ཆེད། ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་གྱི་གོ་སྐབས་ཀྱང་འབུལ་གྱི་ཡོད་ཅིང་། དེ་ཡང་ཚུད་རྒྱུགས་ཀྱི་ལམ་ནས་སློབ་འཇུག་བྱེད་ཀྱིན་ཡོད་ལ། ཚུད་རྒྱུགས་དུས་ཚོད་ནི་གོང་གསལ་ལྟར་ཡིན།

རྒྱ་གར་མཐོ་སློབ་ཏུ་ཡིག་འགྲུལ་མཐུན་རྐྱེན།

ས་རཱ་མཐོ་སློབ་ཏུ་མཐོ་རིམ་རིག་གནས་རབ་འབྱམས་ཀྱི་སློབ་གཉེར་བྱེད་རིང་རྒྱ་གར་མཐོ་སློབ་(IGNOU)ཏུ་ཡིག་འགྲུལ་གྱི་ལམ་(Distant Learning)ནས་ B.A/B.COM/B.Sc སློབ་གཉེར་གནང་འདོད་ཡོད་པ་རྣམས་ལ་ལམ་སྟོན་མཐུན་འགྱུར་ཡང་ཞུ་བཞིན་ཡོད།

འཛུལ་ཞུགས་ཆ་རྐྱེན།

  • སྐྱེས་ལོ་སྐྱེས་ཚེས་དང་། སྡོད་གནས་ཁ་བྱང་། གློག་འཕྲིན་ཁ་བྱང་། (E-Mail) ཁ་པར་ཨང་གྲངས་བཅས་ཁ་གསལ་འཁོད་པའི་འཛུལ་ཞུགས་སྙན་ཞུ།
  • འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པ་ཞིག་ཡིན་ན་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ལག་འཁྱེར།(Exam Card)
  • ཉེ་དུས་ཀྱི་ཕྱེད་པར་གཅིག །
  • བོད་མི་སྐྱབས་བཅོལ་བ་ཡིན་ན་བོད་མིའི་དཔྱ་དངུལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།
  • ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་ན་ Aadhaar Card འདྲ་བཤུས་བཅས་གཤམ་གསལ་ཁ་བྱང་བརྒྱུད་མཐོ་སློབ་ཀྱི་སློབ་སྤྱིའི་མཚན་ཐོག་འབུལ་དགོས།
ཕྱི་ལོ་ ༢༠༢༤ ལོར་སློབ་ཐོན་སོང་བའི་མཐོ་རིམ་རིག་གནས་སྐབས་ ༢༣ སློབ་མ་རྣམས།

Principal

College for Higher Tibetan Studies

P.O Sarah, Dharamsala

District Kangra -176213

Himachal Pradesh- India