སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྟན་གྱི་བརྗོད་བྱ་ལ་ཚན་རིག་དང་། ལྟ་གྲུབ། ཉམས་ལེན་གྱི་སྡེ་ཚན་གསུམ་དུ་ཕྱེ་བར་མཛད་དེ། ནང་པའི་ཚན་རིག་དང་། ལྟ་གྲུབ་གཉིས་ཆོས་ལུགས་ལ་དད་པ་ཡོད་མེད་ཀྱི་སྐྱེ་འགྲོ་སུས་ཀྱང་སློབ་གཉེར་བྱེད་རུང་བར་གསུངས་པ་ལྟར། བཀའ་བསྟན་གྱི་བརྗོད་བྱར་གྱུར་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་ལོགས་སུ་བཏོན་པར་མཛད་ནས། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གཞུང་ལུགས་ཕྱོགས་བསྒྲིགས་ཀྱིས་རིས་སུ་མ་ཆད་པའི་དོན་གཉེར་ཅན་རྣམས་ཀྱིས་སློབ་གཉེར་བྱ་གཞིར་སྤར་བསྐྲུན་འགྲེམས་སྤེལ། སྐད་ཡིག་མང་པོའི་ནང་ཕབ་བསྒྱུར་སོགས་ལེགས་པར་གྲུབ་པ། འདི་ག་ས་རཱ་མཐོ་སློབ་ནས་ཀྱང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀའ་འབྲེལ་རྒྱུ་སྦྱོར་ཐུགས་བརྩེའི་གཟིགས་པའི་འོག་ལོ་ངོ་གཉིས་ཀྱི་ཡུན་ཅན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་འཛིན་གྲྭ་ལན་གཉིས་ཚོགས་ཐུབ་པ་བྱུང་བ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ཡིད་ཆེས་དང་།
འདི་ལོ་༸སྐུའི་གོ་སྟོན་བསྲུང་བརྩིའི་ཆ་ཤས་སུ་དོན་གཉེར་ཅན་དུ་མའི་རེ་འདུན་ལྟར། སླར་ཡང་ལོ་ངོ་གཅིག་གི་ཡུན་ཅན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་འཛིན་གྲྭ་ཞིག་ཕྱི་ལོ་ ༢༠༢༥ ཟླ་ ༧ སློབ་དུས་གསར་པ་འགོ་འཛུགས་ཀྱི་སྐབས་དབུ་འཛུགས་ཞུ་རྒྱུ་དང་། སློབ་ཚན་གཙོ་བོ་ནི། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ཕྲེང་བསྡུས་པ་གཞི་རྩར་བཞག་སྟེ། ཚན་རིག་ལ་གཟུགས་ཅན་གྱི་སྐོར་དང་། ཤེས་པའི་སྐོར་གཉིས་སུ་ཕྱེ་ནས་འཁྲིད་རྒྱུ། ལྟ་གྲུབ་ཀྱི་སྐོར་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་ཀྱི་སྐོར་དང་། དེའི་ཐོག་སློབ་གཉེར་བ་མང་དག་ཅིག་ནང་ཆོས་ཉམས་ལེན་ལ་དོ་སྣང་ཅན་ཡིན་པར་བརྟེན། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་ཉམས་ལེན་ལ་ཇི་ལྟར་འཁྱེར་ཚུལ་ལམ་བསྒྲིགས་ཀྱི་སྐོར་ཡང་འཆད་འཁྲིད་བྱ་རྒྱུ།

